རག་རྡོ་བློ་བཟང་བསྟན་འཛིན།

བོད་ཀྱི་ཡུལ།
ན་མོ་གུ་རུ་བྷཻ་ཥཛྱེ་ཡ།
ཤེར་ཕྱིན་བསྡུད་པ་ལས། འཛམ་བུ་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང། །མེ་ཏོག་ནགས་ཚལ་སྨན་དང་འབྲས་བུ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་རྒྱལ་ཀླུ་དག་བརྟེན་ནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་འཐུ་དཔལ་ཡིན། །ཞེས་རྣམ་འདྲེན་ཐུབ་པའི་དབང་པོས་ཇི་སྐད་བཀའ་སྩལ་བ་བཞིན་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་པོ་(Brama Putra)དང་། སེང་གེ་ཁ་འབབ་(Sindhu) སོགས་ཨེ་ཤི་ཡའི་གླིང་ཕྲན་གྱི་ཆུ་ཀླུང་ཆེན་པོ་ཕལ་ཆེར་གྱི་འབྱུང་ཁུངས་སུ་གྱུར་པ་གངས་རི་ཏི་སེ་དང་། ཇོ་མོ་གླང་མ་སོགས་གངས་རི་དང་། མཚོ་མ་དྲོས་པ་དང་། ཁྲི་ཤོར་རྒྱལ་མོ་དང་། གནམ་མཚོ་ཕྱུག་མོ་སོགས་གང་དུ་རོལ་བའི་ཡུལ་ལ་སྤུ་རྒྱལ་བོད་ཡུལ་དང་ཏྲྀཝིཥཊཔཾ་(TIBET)སྟེ་སུམ་རྩེན་གྱི་གནས་ཞེས་བྱ་ལ། དེང་སང་འགས་འཛམ་གླིང་གི་སྣེ་མོ་གསུམ་པར་ཡང་འབོད་པའི་མཐོ་སྒང་འདི་ནི་བསྐལ་པ་ཆགས་རིམ་བཞིན་འབུར་དུ་ཇི་མཐོར་ཐོན་ཅིང་། འཛམ་གླིང་སྤྱི་མཚུངས་ལྟར་མིའི་འགྲོ་བ་བྱུང་བ་དང་སྲིད་པའི་དཔལ་ཡོན་དར་བ་ཡིན།
དེའང་སྣོད་ཀྱི་བཀོད་པ་རིམ་བཞིན་ཆགས་ནས་སྤྱོད་དུ་རུང་བར་གྱུར་བ་ན་མིའི་འགྲོ་བ་བྱུང་ཞིང་། དེའི་འཕེལ་རིམ་ལྟར་ན་དབང་བྱེད་བཅུས་རིམ་བཞིན་དབང་བྱས་པ་སྟེ་དེ་རྣམས་གནོད་སྦྱིན་དང་། བདུད་དང་། སྲིན་པོ་གཉའ་རིང་ཁྲག་མིག་དང་། དམར་འཇམ་ལྷ་དང་། རྨུ་རྒྱལ་ཁོ་རྗེ་དང། ཀྲོག་ཀྲོག་འདྲེ་དང་། མ་སངས་སྤུན་དགུས་དབང་སྒྱུར་ཞིང་དེ་དག་ནི་མི་མ་ཡིན་པ་བཤད་ལ། དེང་སང་གནོད་སྦྱིན་དང་། ཀླུ་དང་རྨུ་དང། འགོང་པོ་སོགས་མི་མ་ཡིན་མཐུ་ཆེན་གྱི་རིགས་སུ་བརྩི་ཞིང་རེ་དོགས་གཉིས་ཀ་བྱེད་པས་དེ་ལྟར་བཤད་པ་མིན་ནམ་སྙམ་ཞིང་། དེང་སང་ཡང་ཡུལ་འགར་མ་སངས་ཀྱི་བརྩིགས་པར་གྲགས་པའི་རྡོ་ཆེན་མིས་འགུལ་སྐྱོད་བྱེད་ཐབས་མི་སྲིད་པ་ལས་གྲུབ་པའི་རི་མ་མཁར་དུ་མ་མཐོང་རྒྱུ་ཡོད་པ་དང་། དེ་ལྟ་བུའི་བྱུང་བ་འགར་མི་མ་ཡིན་དེ་དག་ལས་ཁ་ཅིག་མི་དང་བཤོས་པས་རིགས་བརྒྱུད་འཕེལ་བ་འཁོན་རིགས་ས་སྐྱ་གོང་མའི་བྱུང་བ་ལྟ་བུ་དཔྱད་དུ་རུང་བ་དུ་མ་ཞིག་ད་ལྟའང་གླེང་རྒྱུ་ཡོད་ཅིང་། དེ་དག་གིས་དབང་བའི་ཡུལ་ལ་དེང་སང་ལྟར་བོད་ཅེས་གཅིག་ཏུ་མི་འབོད་པར་བཟང་ཡུལ་རྒྱན་མེད་དང་། ཁ་རགས་མགོ་དགུ་དང་། སྲིན་ཡུལ་ནག་པོ་དང་། ལྷ་ཡུལ་གུང་ཐང་དང་། ད་འཕྲང་ཅང་འཕྲང་དང། ལ་ཏང་ལིང་ཏང་དང་། བོད་ཀ་ཉ་དྲུག་དང། བོད་ཁམས་ཉ་དྲུག་དང་། བོད་ཁམས་གླིང་དགུ་ཞེས་རིམ་པར་འབོད་ཅིང། ཡུལ་དེ་དག་གི་མིང་འགའ་རེ་ད་ལྟའང་ཡུལ་འགར་འབོད་པ་ནི་ཁ་རགས་དང་། ཇོ་མ་ཁ་རགས་དང་། (ཁ་རགས་ཁྱུང་བཙུན།) མང་ཡུལ་གུང་ཐང་སོགས་ནི་ཁྱད་གཞི་ཁྱད་ཆོས་ཀྱི་ཟུར་ལས་བྱུང་བ་ཡིན་ནམ་སྙམ་ཞིང་། ད་ལྟ་བོད་ཅེས་འབོད་པ་འདི་ནི་བོད་ཁ་ཉ་དྲུག་དང་། བོད་ཁམས་གླིང་དགུ་སོགས་ཀྱི་བོད་ལས་བྱུང་བར་མངོན་ནོ།། བོད་ཀྱི་ཡུལ་ལ་ལེགས་སྦྱར་དུ་སུམ་རྩེན་(ཏྲྀཝིཥཊ་པཾ)ཞེས་ལྷ་མཐུ་བོ་ཆེ་གསུམ་(ཚངས་པ། དབང་ཕྱུག ཁྱབ་འཇུག)བརྩེན་པ་སྟེ་དེ་དག་རོལ་བའི་གནས་ཡིན་པར་རིག་བྱེད་ཀྱི་གཏམ་རྒྱུད་(Tato Prona)མང་པོ་ལས་གསལ་བའི་ཕྱིར། དེ་དག་བོད་ཀྱི་ལོ་རྒྱུས་སུའང་གསལ་བའི་དབང་བྱེད་བཅུའི་བྱུང་བ་དང་ཕན་ཚུན་འབྲེལ་བ་མེད་དམ་སྙམ་ཏེ་རིག་བྱེད་ལ་དད་པ་རྣམས་གངས་ཏི་སེ་དང་མཚོ་མ་ཕམ་སོགས་ལ་ད་ལྟའང་ཤིན་ཏུ་དགའ་གུས་བྱེད་པའི་ཕྱིར་ཏེ་བློ་ལྡན་གཟུར་གནས་འདྲ་ཡོད་ན་དཔྱད་པར་མཛོད།
ལོ་རྒྱུས་རྣམས་སུ་བོད་དུ་མིའི་འགྲོ་བ་བྱུང་རབས་ནི། སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་རིམ་བཞིན་མཆེད་དེ་དབྲ་དང་། འབྲུ་དང་། ལྡོང་དང་། ལྒ་དང་། ནུ་བོ་དང་། དཔའ་སྡ་སྟེ་མིའུ་གདུང་དྲུག་གི་བརྒྱུད་ལས་བོད་ཀྱི་རུས་བརྒྱུད་རྣམས་འཕེལ་བ་དང་། དེ་དག་གང་དུ་གནས་པའི་ཡུལ་ནི་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་ཞེས་པའི་རྒྱལ་ཁམས་དེར་འདོད་རྒྱལ་དུ་བོད་ཅེས་འབོད་པ་དང་། རིམ་བཞིན་རིག་གནས་སྒྱུ་རྩལ་དང་། ཁྱད་པར་དུ་འགྲོ་བ་མི་དང་ནད་ལྷན་ཅིག་བྱུང་བ་བཞིན་དེ་དག་གི་འཇིགས་པ་ལས་གྲོལ་བའི་ཐབས་སྨན་བཅོས་འཕྲོད་བསྟེན་གྱི་རིག་པའང་ལྷན་ཅིག་བྱུང་བ་ཡིན་ཏེ། ནད་ལ་སྔ་བ་མ་ཞུ་བ་དང། སྨན་ལ་སྔ་བ་ཆུ་བསྐོལ་ཞེས་པའི་ལོ་རྒྱུས་ཀྱི་སྡོམ་ཚིགས་བཀོད་པ་ལས་མཐོང་ཐུབ་པ་ཡིན་ནོ།།
གླ་བ་དང་གླ་རྩི།
དེ་ལྟར་ས་མཐོའི་བོད་ཀྱི་ས་གཤིས་དང་། ཁོར་ཡུག་དང་། གནམ་གཤིས་བཅས་ཐུན་མོངས་མིན་པར་འཚོ་བའི་མིའི་འགྲོ་བ་ཙམ་དུ་མ་ཟད་ཐུན་མོངས་མིན་པའི་སྲོག་ཆགས་གཞན་ཡང་ཡོད་དེ། དེ་དག་ལས་འགའ་ཞིག་ནི་སྟོངས་ཟིན་ཅིང་། འགའ་ཞིག་ད་དུང་ཡང་འཚོ་ཞིང་གནས་པ་ལས་འཕྱི་བ་དང་། བྲ་བ་དང་། ཨོག་དཀར་སོགས་ཁུང་གནས་དང་། བྱ་རྒོད་དང་གོ་བོ་དང་། བྱ་རོག་སོགས་མཁའ་ལ་རྒྱུ་ཞིང་འཚོ་རླུང་ལ་མི་ལྟོས་པར་རིང་དུ་འཚོ་བ་དང། གླག་མོ་དང་། ཁྲ་རྒོད་དང་། གསའ་དང་། སྤྱང་ཀི་དང་། དྲེད་མོང་དང་འཕར་ར་དང་། གཡི་སོགས་རྩལ་མཐུས་ཟ་བ་དང་། རྐྱང་དང་། གཙོད་དང་། གུང་དང་། གཉན་དང་། གནའ་བ་དང། ཤ་བ་དང། གླ་བ་སོགས་རི་དྭགས་ཀྱི་སྡེ་དང། འཇོལ་མོ་དང་། སྐྱ་ག་དང་། ཅོ་ག་དང། ཁུ་བྱུག་དང་། ཁུག་རྟ་དང་། ཁ་ལ་ཡུག་སོགས་བྱིའུའི་སྡེ་དང་། ལྷ་བྱ་གུང་མོ་དང་། གུ་ལིང་དང་། བྱ་ཝང་སོགས་ཁྲོན་གྱིས་རྐོ་བའི་སྡེ་དང་། སྲམ་དང་། གཟུགས་མོ་སོགས་སྐམ་གཤེར་ཐུན་མོང་དུ་གནས་པ་དང་། ཉ་དང་། ལྕོང་མོ་སོགས་ཆུར་གནས་པ་བཅས་འཚོ་གནས་དང་སྤྱོད་པ་སོགས་ཤིན་ཏུ་ངོ་མཚར་བའི་སྲོག་ཆགས་སྣ་ཚོགས་ཡོད་ཅིང་། དེ་དག་གི་ཤ་ཁྲག་དང་པགས་པ་དང་སྤུ་སོགས་ཀྱི་ཆེད་དུ་རྔོན་པ་དང་། འགའ་ཞིག་སྨན་དང་ཟོངས་ལ་རྔོན་ནས་རིན་ཐང་ཆེན་པོས་ཕྱིར་ཚོང་དང་ནང་འདྲེན་བྱེད་པ་བཅས་ཀྱི་ལས་ཀྱི་འཁོར་ལོ་ནི་གནའ་རབས་ནས་ད་ལྟ་བར་འཁོར་མཚམས་ཆད་མྱོང་མེད། དེ་དག་ལས་གླ་བ་ནི་ས་སྒང་འདིའི་སྟེང་དུ་བོད་གངས་ཅན་ཀྱི་ཡུལ་ལས་གཞན་དུ་མེད་པས་དེའི་ལུས་ཀྱི་ཆ་ཤས་གླ་རྩི་ནི་བོད་ཀྱི་ལོ་རྒྱུས་ནང་དུ་ཕྱིར་ཚོང་གི་ཚོང་ཟོངས་ཁྲོད་ནས་གལ་ཆེན་ཞིག་ཡིན་པ་མ་ཟད་སྲོག་ལ་གཟན་པའི་ནད་རིགས་གདུག་པ་ཅན་དུ་མའི་གཉེན་པོ་བླ་ན་མེད་པ་ཞིག་ཀྱང་ཡིན།།
གླ་བ་འཚོ་གནས།
སྤྱི་ཙམ་དུ་གླ་བ་ནི་བོད་ཁོ་ནར་འཚོ་ཞིང་གནས་པ་ཡིན་ཞིང་། བྱེ་བྲག་ཏུ་འབྲོག་མ་རོང་གི་ས་མཐའི་སྤང་ལྗོངས་ཏེ་ཤིང་གླང་མ་དང། སུ་རུ་དང་། སྤ་མ་དང་སྟག་མ་སྐྱེ་བའི་ནགས་ཀླུང་ཐར་ཐོར་ཅན་གྱི་ཡུལ་ཁོ་ན་ལས་ཤིན་ཏུ་མཐོ་བའི་གངས་ཁྲོད་དང་། ནགས་རིས་ཡོངས་སུ་སྤང་བའི་ཀླུང་དང་། མྱ་ངམ་གྱི་ཐང་དང་། ཐང་ཤིང་དང་སཱ་ལ་སོགས་ཀྱིས་ཀླུབ་པའི་ནགས་ཁྲོད་སྟུགས་པོ་སོགས་སུ་འཚོ་གནས་མི་བྱེད་ཅིང་། དེའང་གནའ་བ་དང། རྐྱང་དང། འབྲོང་དང། གཉན་ལྟ་བུ་ཁྱུའམ་འདུས་ཏེ་མི་གནས་པར་ཁེར་རྐྱང་ཁ་འཐོར་དུ་གནས་པ་དང་། དེའང་གཡི་དང་་། གཟིག་སོགས་གཅན་གཟན་དང་། གླག་སོགས་ཀྱི་གནོད་པར་རྟག་ཏུ་དོགས་ཟོན་གྱིས་གནས་པས་ཉིན་མོར་བག་ཡངས་སུ་མི་རྒྱུ་བས་མཐོང་དཀོན་པ་དང་། ཆུ་དང་ཟས་འཚོལ་བ་ལ་སྤྱོད་པ་སོགས་ཕལ་ཆེར་འགྲོ་ལམ་གཅིག་ལས་རྒྱུ་བ་ལས་བག་ཡངས་སུ་མི་རྒྱུ་བས་བརྩེ་མེད་ཀྱི་རྔོན་པ་དང་གཅན་གཟན་གྱིས་འཕྲང་ལས་སྒུགས་པ་དང་རྒྱས་སླ་མོར་བཟུང་བ་དང་གསོད་པར་བྱེད། ལོ་འཁོར་ཟླ་བ་བཅུ་གཉིས་སུ་གླ་ཚེར་ཡན་གྱི་གླ་བ་མོ་རྣམས་གྲུས་པ་དང་སྦྲུམ་པའི་དུས་གཅིག་ལས་མེད་ཅིང་དེའང་གླེའུ་རེ་རེ་ལས་མཚེ་མ་སོགས་སྐྱེ་བ་དཀོན་པ་བཅས་ཀྱིས་གྲངས་འབོར་ཉུང་བའི་རི་དྭགས་ཀྱི་ཚོགས་ཤིག་ཡིན། དེའང་གནའ་རབས་བོད་ཡུལ་ཆོས་ལྡན་གྱི་ཞིང་དུ་གཞན་ལ་འཚེ་བ་ཉུང་ཞིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་ཐབས་ལམ་མང་བ་དང་། རི་རྒྱ་ཀླུང་རྒྱ་སྡོམ་པ་བཅས་ཀྱིས་གླ་བ་སོགས་རྩ་ཆེའི་རི་དྭགས་རྣམས་རྩ་སྟོངས་ཀྱི་ཉེན་ཁ་མེད་ཀྱང་དེང་རབས་ཅན་གྱི་དུས་རབས་འདིར་སྔར་གྱི་ཁོར་ཡུག་སྲུང་སྐྱོབས་ཀྱི་ཁྲིམས་ལུགས་དང་ཐབས་ལམ་ཐམས་ཅད་རྨོངས་དད་དང་ཚན་རིག་གི་མི་མཐུན་ཕྱོགས་སུ་བཞག་ནས་འདོད་རྔམས་དང་རྣབས་སེམས་ཆེས་ཆེར་གདོ་བའི་བསྐལ་བའི་ཁུགས་པ་འདིར་རྩ་ཆེའི་རི་དྭགས་སོགས་རྩ་སྟོངས་སུ་འགྱུར་ཉེན་ཤིན་ཏུ་ཆེ་བས་བློ་ལྡན་རྣམས་ཀྱིས་དགོངས་ཡངས་དཀྱེལ་ཆེ་མཛད་རྒྱུ་ཤིན་ཏུ་གལ་ཆེ། ཕྱི་གླིང་བ་འགས་(ཨ་ལི་མི་ཛ་ཧ་རི)རྒྱ་ནག་གི་ཧྲང་ཤིས་སོགས་ལ་གླ་བ་ཡོད་པ་དང་། དེ་ལ་གླ་ཁྲ་སོགས་རིགས་གསུམ་ཡོད་པར་བཤད་པ་དང་། རྒྱ་ནག་གི་གླ་རྩི་ནི་བོད་ཀྱི་གླ་རྩི་ལས་སྤུས་ཚད་ཞན་པར་བཤད་པ་སོགས་ནི་རྒྱ་གར་བས་བོད་ཀྱི་གཡག་གི་ལོ་རྒྱུས་བྲིས་པ་(ཚུལ་ཁྲིམས་གཡའ་རྔ་བཞིན་དུ་སྲུང་མཛད་དེ། ཞེས་པའི་རྩ་འགྲེལ)དང་འདྲ་ཞིང་དེང་སང་ཅོག་རྩེའི་སྟེང་དུ་སོ་ནམ་བྱེད་མཁན་རང་རིགས་འགའ་ཡང་དེ་དག་གི་རྗེས་སུ་འབྲང་ནས་གླ་བ་རིགས་གསུམ་སྟེ་གངས་དང་ཚེར་མ་དང་། ནགས་ལ་གནས་པའི་གླ་བ་ཟེར་ཡང་ནགས་དང་གངས་རི་ལ་གླ་བ་གནས་སྡོད་བྱེད་པ་ནི་ངོ་མཚར་ཆེ། གླ་བར་འཚོ་གནས་ཀྱི་ཡུལ་དང་གཉུག་མར་གནས་པའི་བོད་ཀྱི་གནའ་མིས་གླ་བ་སྐྱ་སྨུག་རིགས་གཉིས་སུ་བརྩི་ཞིང་དེའུ་དམར་བ་ཡང་དེའི་རྗེས་སུ་འབྲངས་གནང་ཡང་། གླ་ནག་ཤིང་རྩེར་འཛེག་ཅིང་ཡལ་ག་ཟ་བར་གསུངས་པ་སོགས་ནི་འབྲུག་པ་ཀུན་ལེགས་ཀྱིས། ས་སྐྱ་པཎ་ཆེན་མཐོང་རྒྱ་ཆེ། །གྲོག་མ་རྟ་ལས་མགྱོགས་པ་མཐོང་། །ཞེས་གསུངས་པའི་རྣམ་ཐར་དང་གཉིས་སུ་མེད་ཅིང་། མཁས་པས་མ་དཔྱད་པའི་གཏམ་ཟེར་བ་དེ་འདྲ་ལ་ཟེར།
ཁ་དོག་གི་ཁྱད་པར་ནི་ན་ཚོད་ཀྱིས་བྱེད་པར་རྔོན་པ་རྒན་པོ་རྣམས་གླེང་། དུས་རབས་བཅུ་པར་བྱུང་བའི་ཨ་རབ་ཀྱི་རྩོམ་པ་པོ་མཱ་སུ་ཏས་བརྩམས་པའི་གསེར་གྱི་རྩྭ་་ཐང་ཞེས་པར་གླ་བ་དང་གླ་རྩིའི་སྐོར་ཞིབ་མོ་རྣམ་ཐག་ཏུ་བྲིས་པ་ལས་གཟུགས་དབྱིབས་དང་རྭ་སོགས་ཤ་བ་དང་ཁྱད་པར་མེད་པ་དང་། ཁྱད་པར་ནི་གླ་བའི་མཆེ་བ་ཡིན་སོགས་གསལ་བ་ནི་གླ་བ་དང་ལྷན་དུ་འགྲོག་པའི་བོད་རྒན་ཞིག་ཡིན་ན་ཁོང་ནི་ཤེས་བྱ་ཐམས་ཅད་མཁྱེན་ཡང་གླ་བ་མཁྱེན་པའི་ཤེས་བྱེད་ཀྱིས་སྟུག་པར་ཚོར་ནས་ཁོང་དགོད་འཆོར་བའི་ཕྱིར་ཏེ་གླ་བ་དང་ལྷན་ཅིག་འཚོ་བའི་བོད་ཀྱི་གཏམ་དཔེར། ཤ་ཡུ་མོ་གླ་བར་རྭ་ཅོ་མེད། །དེ་ཡོད་ན་ནོར་བུའི་རིགས་ཅན་ཡིན། །ཞེས་རིགས་སྨྲ་བས་མེད་པ་སྒྲུབ་བྱེད་ཀྱི་རིགས་པར་རི་བོང་གི་རྭ་འགོད་པ་བཞིན་མེད་པའི་དོན་སྟོན་པའི་དཔེར་བརྗོད་པ་ཡིན།
གླ་བ་ཕོ་མོ་གཉིས་ལས་གླ་རྩི་ནི་ཕོ་ཁོ་ནར་ཡོད་ཅིང་། དེའང་ལོ་ངོ་གཉིས་པ་ལ་གླ་ཐང་ཟེར་ཞིང་། གླ་ཐང་ལ་རྩིའི་རྨང་གཞི་ཙམ་ཡོད་ཀྱང་མ་སྨིན་པས་སྤུས་ཞན་ཡིན་ལ། དེ་ནས་ལོ་ན་རྒན་རིམ་བཞིན་ལེགས་པར་སྨིན་པས་སྤུས་ཚད་ཇེ་ལེགས་སུ་འགྲོོ་བར་བརྩི། དེའང་བོད་ཀྱི་ལོ་རྒྱུས་རྣམས་སུ་སྔ་རབས་བཙན་པོ་རྣམས་ཀྱི་ཆབ་སྲིད་འཛིན་སྐྱོང་གི་སྲིད་ཇུས་འཆད་པའི་ཚེ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་གསལ་བའི་ལྡེའུ་ནི་དཔེ་དང་གཏན་ཚིགས་ཟུང་འཇུག་གི་རིགས་པ་ཞིག་ཡིན་པས་བོད་ཀྱི་རྒན་རྒོན་ཁྲོད་དུ་ད་ལྟའང་གླེང་སྲོལ་ནུབ་འཕྲོ་ཅུང་ཟད་ལུས་པ་ལས་གླ་བའི་ཁྱད་ཆོས་ཅན་གྱི་ལྡེའུའམ་ཁེད་ཅིག་ཡོད་པ་ནི། རྣ་བ་སྨུག་ཆུང་དྲེལ་ལ་ཐེ། །སྣ་རྡོག་ནག་པོ་ཁྱི་ལ་ཐེ། མཆེ་བ་དམར་ཡག་སྟག་ལ་ཐེ། གླ་ལྤགས་རྒྱལ་མོའི་དར་ལ་ཐེ། སྤུ་རྩ་གཡང་དཀར་ལུག་ལ་ཐེ། སྤུ་རྩེ་སྨུག་རྒོད་གཡག་ལ་ཐེ། གླ་རྩི་བཟང་དྲུག་སྨན་ལ་ཐེ། ཞེས་སོགས་དུ་མ་ཞིག་གླེང་སྲོལ་ཡོད་པ་དག་གིས་གླ་བ་སྤྱི་དང་ཁྱད་པར་གླ་ཕོའི་ཁྱད་ཆོས་རྣམས་གསལ་བར་སྟོན་པ་ཞིག་ཡིན། དེའང་ལྡེའུུ་ནི་མི་ཞིག་ལ་དཔེའི་སྒོ་ནས་དོན་དེ་འདྲི་བ་ན་མི་དེས་དོན་དེ་ཉིད་མ་ནོར་བར་ལན་ཐེབས་ན་ཁེད་ཟེར་ཞིང་། ཁེད་ནི་དོན་གནད་ལ་འཁེལ་བའམ་གཏད་སར་ཕོགས་པའི་དོན་ཡིན། ཐེ་ནི་དེའི་ཁོངས་གཏོགས་སམ་འདྲ་བ་སྟེ་གླ་བའི་རྣ་བ་ཆེ་ཞིང་འགྲེང་པས་དྲེའུའི་རིགས་སམ་དེ་དང་འདྲ་བའི་དོན་དུ་གོ་རྒྱུ་ཡིན། སོ་ནི་ར་དང་ལུག་སོགས་རྩ་ཟན་སྤྱི་ལྟར་མདུན་གྱི་ཡ་སོ་མེད་ཀྱང་གླ་བ་ཕོ་ལ་ཡས་མཆེ་གཉིས་ཡོད་ཅིང། ཡས་ཀྱི་མཆེ་བ་རིང་པོ་ཨོག་མར་འཁོར་བས་རྒྱངས་ནས་མཐོང་ཡང་གླང་ཆེན་གྱི་མཆེ་བ་བཞིན་གྱེན་དུ་འཁྱིལ་མེད། གནའ་མི་རྣམས་ཀྱིས་གླ་མཆེ་རྒྱ་དངུལ་གྱི་ཤན་ཡོད་མེད་ཅི་རིགས་རེ་གཉིས་ཙམ་གློ་དང་སྐེ་ལ་འདོགས་ཅིང་གདོན་བགེགས་ཀྱི་གནོད་པ་སྲུང་བར་གྲགས་ཤིང་སོ་བར་གཙང་མ་བཟོ་བའི་ཆེད་དུའང་སྤྱོད་པ་དང། གླ་སྤུ་བལ་དང་རྩིད་པ་འདྲ་བར་བཤད་ཀྱང་ཤིན་ཏུ་རགས་ཤིང་ཁབ་ལྟར་རེངས་བས་བལ་དང་རྩིད་པའི་སྤྱོད་སྒོར་མི་འོས་ཀྱང་ཡང་ལ་མི་འཛིང་ཞིང་དྲོ་བས་གདན་གྱི་རྒྱུ་གཞན་གྱིས་གླ་སྤུ་ལ་འགྲན་བཟོད་པ་མེད། གླ་ལྤགས་མཉེ་མཁན་གྱི་སྤུ་དང་ཕྲལ་བ་སོགས་ཚུལ་བཞིན་མཉེད་པས་འཇམ་ལ་མཉེན་པས་རྒྱལ་མོའི་དར་ལ་འདྲ་བ་མ་ཟད་གོས་དང་སྐུད་པ་དང་བྲེང་བ་སོགས་ཅི་ཡང་བཟོར་རུང་ཞིང་སྲ་ལ་ཁྱད་པར་གོས་ཀྱིས་གྲང་ལྷག་སྲུང་ཞིང་མིག་སྔར་མཛེས་པ་སོགས་དཔེ་ལས་དཔེ་ཅན་ཕུལ་དུ་བྱུང་བ་ཡིན། །
གླ་རྩི།
དེ་ལྟར་གླེང་གཞི་གླ་རྩི་ཤེས་པ་ལ་མི་ཤེས་སུ་མི་རུང་བ་རྣམས་ཅུང་ཟད་གླེང་ནས་དངོས་གཞི་ནི། དེའང་གསོ་བ་རིག་པ་ལྟར་ན་ནད་ཀྱི་གཉེན་པོར་མ་གྱུར་བའི་དངོས་པོ་ཅི་ཡང་མེད་ལ། དེ་དག་བསྡུ་ན་གཏེར་དང་རྩི་ཤིང་དང་སྲོག་ཆགས་ལས་གྱུར་བ་གསུམ་དུ་འདུ་ཞིང། དེ་རྣམས་ནང་གསེས་སོ་སོར་ཕྱེ་ན་རིན་ཆེན་ས་རྡོ་རྩི་ཤིང་ལྡུམ་སྔོ་དང་། ལན་ཚྭ་སྲོག་ཆགས་ལས་བྱུང་ཞིང་སྐྱེས་དང་། ཆུ་མེ་གདུས་པ་རྣམས་པ་བཅུ་གསུམ་སྟེ། ཞེས་བཅུ་གསུམ་སོགས་དབྱེ་བ་ལས་བཞི་པ་རྩི་སྨན་ལའང་ཤིང་ལྡུམ་སྔོ་དང་སྲོག་ཆགས་ལས་གྱུར་བ་ལྔ་དང། ཐ་མ་ལའང་གྷི་ཝཾ་དང་དབང་རིལ་དང་གླ་རྩི་སོགས་ཡོད་ཅིང། དེའང་སྤྱིར་རྩི་ཞེས་པ་སྙིང་པོ་དང་བསྒྱུར་བྱེད་སོགས་དོན་དུ་མར་འཇུག་པ་ཡིན་ཅིང་། དེའང་གཙོ་བོ་བདུད་རྩིའི་མིང་གི་ཆ་ཤས་ཏེ། དེའང་བདུད་རྩི་ནི་རྗེས་སྒྲུབ་དོན་མཐུན་པ་སྟེ། འདིའི་སྐད་དོད་ནི་ལེགས་སྦྱར་དུ་ཨ་མྲཱྀཏ་སྟེ་འཆི་མེད་ཡིན་ཅིང་། ལྷ་རྣམས་མི་འཆི་བར་བྱེད་པའི་རྫས་འཚོལ་བའི་ཆེད་དུ་འབད་པ་ཆེན་པོས་བསྐལ་པར་རྒྱ་མཚོ་བསྲུབས་པ་ལས་ཐོབ་པའི་རྫས་ལ་བདུད་རྩིར་བྱ་ཞིང་། དེ་དག་གིས་དེ་སྤྱད་པས་འཐོར་བ་ལས་སྨན་སྤྱི་དང་ལྷག་པར་རྩི་སྨན་གྱི་རིགས་རྣམས་བྱུང་བའི་གཏམ་རྒྱུན་ཤིན་ཏུ་མང་། དེ་ལ་གླ་རྩི་ནི་གོང་དུ་སྨོས་པ་བཞིན་རི་དྭགས་གླ་བའི་ལུས་ཀྱི་ཆ་ཤས་ཤིག་སྟེ། དེའང་ལུས་ཟུངས་བདུན་གྱི་ཐ་མའམ་སྙིང་པོ་ཡིན་ཅིང་ལང་ཚོ་སྨིན་པའི་མི་ལ་ཁམས་དཀར་དམར་འབྱུང་བ་བཞིན་གླ་བའང་དར་ལ་བབས་ན་གླ་རྩི་སྨིན་པ་སྔར་སྨོས་བཞིན་ལ། ལྷག་པར་ཕྱི་རོལ་གྱི་ཟླ་བའི་འཕེལ་འགྲིབ་བཞིན་ནང་གི་སེམས་ཅན་གྱི་ཁམས་འཕེལ་འགྲིབ་བྱེད་པའི་ཕྱིར་དོམ་མཁྲིས་དང་གླ་རྩི་རྣམས་ཀྱང་དེ་བཞིན་བྱེད་པ་ཉམས་མྱོང་ཅན་རྣམས་གླེང་ལ། དེའང་ལོ་འཁོར་གྱི་ཉི་མའི་བགྲོད་པ་གཉིས་ལས་ལྷོ་བགྲོད་ཀྱི་དུས་ཏེ། སྟོན་ཟླ་ར་བའི་རྗེས་ཀྱི་གླ་རྩི་རིམ་བཞིན་བཟང་དུ་འགྲོ་སྟེ། ཡུལ་མིས་རམ་ཟླའི་རམ་པ་མ་ཟོས་ན་གླ་རྩི་ཆུ་དང་འདྲ་ཟེར་བ་ནི་མྱོང་བའི་གཏམ་དུ་སྣང་།
དེ་ལ་གླ་རྩི་གླ་བའི་ལྟེ་བའི་འོག་གི་ཤ་པགས་བར་དུ་རྨེན་བུ་རྒྱས་པའི་ཚུལ་དུ་རེག་ལ་མ་འབྱར་བར་གནས་པའི་དཀྱིལ་ན་ཕོ་མཚན་ཕྱིར་དོན་པའི་སྒོ་ཡོད་པ་དང་དྲི་ཆུ་འདོར་བ་སོགས་དེ་ནས་བྱེད་ཅིང། འགྲམ་གྱི་སྤུ་ལ་རྨོངས་དྲེགས་ཆགས་པ་དང་འབྲས་བུ་དེའི་རྒྱབ་ཟུར་ནས་དཔྱང་ནས་ཡོད།
གླ་རྩིའི་དབྱིབས་ལེབ་ཅིང་ཟླུམ་ལ་རྔམས་མཐུག་པོ་མེད་ཅིང་། (འགས་རྔམས་སུ་7c.m. ཙམ་དང་ཞེང་ལ་ 15 C.M.བར་ཡོད་ཟེར) གླ་བའི་ན་ཚོད་དང་རྒོད་གཡུང་བཞིན་ཆེ་ཆུང་ངེས་པ་མེད། རྔོན་པས་གླ་རྩི་ལེན་པའི་ཚེ་གླ་རྩིའི་མཐའ་སྒོར་གྱི་པགས་པ་རྒྱ་ཞེངས་ཆེ་ཙམ་འབྲས་བུ་དང་བཅས་པ་ལྷན་དུ་བླངས་ནས་གླ་རྩི་ཚོང་བའི་མིག་སྔར་ཆེན་པོར་འདོད་པས་ཤིང་ལྕུག་ཟླུམ་སྒོར་སྣ་ལོང་ལྟ་བུས་པགས་པའི་མཐའ་ནས་ཕྱིར་རྒྱངས་ནས་སྐམ་པ་དང། ལྕི་བར་འདོད་ན་མཐའ་སྒོར་གྱི་པགས་པ་དབུས་སུ་ཅི་ཐུབ་བསྡུས་ནས་ལྕགས་བསྲེགས་སོགས་ཀྱིས་རྔམས་སྲེག་བྱེད་པའི་སྒོ་ནས་སྐེམ་ཐབས་བྱེད། དེ་ལྟར་མདུན་ངོས་སྤུ་ཅན་གྱི་པགས་པ་དང་རྒྱབ་ནས་སྐྱི་པགས་ཀྱིས་ཀུན་ནས་གཡོགས་ཤིང་ཁེར་རྐྱང་དུམ་བུ་གཅིག་ཏུ་ཀུན་ནས་སྒྲིལ་ཡང་བཅད་དེ་བལྟས་པས་ནང་དུ་ཐུམ་བུ་(capsule)མང་པོ་སྐྱི་པགས་ཤིན་ཏུ་སྲབ་མོས་སོ་སོར་སྒྲིལ་ནས་རེག་ལ་མ་འབྱར་བར་དམ་པོར་སྒྲིག་པ་ལ་རྩི་ཐུམ་ཟེར་བ་དང། རྩི་ཐུམ་རེ་རེའི་ནང་དུ་དབྱིབས་ཟླུམ་པོ་སོགས་ཅི་རིགས་དྲི་བཟང་འཐུལ་བ་ཁ་དོག་ཁམ་སྨུག་ཅན་གྱིས་སྒྲོ་བ་ནས་ཀྱིས་བཀང་བ་ལྟ་བུས་བྱུར་བུར་བལྟམས་པ་ལ་རྩི་འབྲུམ་ཟེར་ཞིང་ཇི་ཙམ་རགས་པ་བཟང་བར་རྩི་སྲོལ་ཡོད།
གསེར་གྱི་རྩ་ཐང་དུ་གླ་རྩི་བཟང་ངན་བརྟག་ཐབས་འགའ་ཞིག་སྣང་ཡང་དེར་གླ་རྩིར་ཁ་གཉིས་གསུམ་ཡོད་ཅིང་ཁ་མང་བ་བཟང་ཤོས་ཡིན་ཞེས་དང་། གླ་རྩི་སྦྲུལ་མགོ་མ་ཟེར་བ་གླ་ཕོ་འཚོ་བའི་དུས་སུ་གླ་རྩིས་སྦྲུལ་རྔུབ་ནས་སྦྲུལ་རོ་ཡང་དེར་ཡོད་པས་གླ་རྩིས་སྦྲུལ་སྐྲོད་པའི་སྒྲུབ་བྱེད་དང་དེ་ནི་མཆོག་གྱུར་ཡིན་གསལ་བ་ནི་སྣོད་མཁྲིས་ཀྱིས་སྟོངས་པའི་སྲོག་ཆགས་(གླང་ཆེན)ཀྱི་གྷི་ཝཾ་ལ་བསྔགས་པ་བརྗོད་པའི་མཆེད་ཟླར་སོང་སྟེ། གླ་རྩིའི་དབུས་ཀྱི་ཆུ་བ་ནར་མོ་སྐམ་པོ་དེ་ནི་ཁོའི་ཕོ་མཚན་ཡིན་ཅིང་རྔོན་པས་མི་དབྱུང་ཞིང་། དེ་ལས་རྩི་རློན་ཉོ་མཁན་རྒྱུས་ཡོད་ཀྱིས་ཕྱིར་དབྱུང་ཡང་རྒྱུས་མེད་དང་བརྒྱུད་དེ་ཚོང་མཁན་གྱིས་ཅི་ལ་དབྱུང་སྟེ་ལྕི་བ་དང་ཆེན་པོར་མཐོང་དགོས་པའི་ཕྱིར་རོ།།
གཉུག་མར་གནས་པའི་བོད་ཀྱིས་ཕྱིའི་གྲུབ་ཆ་ཚང་མིན་དང། སྐོག་ལ་རལ་རྡོལ་དང་མིས་བཟོས་ཀྱི་གནས་ཚུལ་ལ་བརྟག་སྟེ་གནས་ཚུལ་དེ་རིགས་མཐོང་ན་ལྷད་ཅན་དུ་དོགས་ཏེ་རྩི་ཁབ་བཏབ་(ཁབ་དཀྱུས་མ་དང་དམིགས་བསལ་གཉིས་ཀ་སྤྱོད་རུང་)ཏེ་རྩི་འབྲུམ་ལ་དྲི་དང་རེག་བྱ་དང་ཁ་དོག་ལ་བརྟག་ནས་མཐར་ཆུ་དང་འདྲེ་ཚུལ་སོགས་ལ་ཞིབ་མོ་རྣམ་འཐག་གིས་བརྟག་དཔྱད་བྱེད། གླག་མོས་གླ་བ་གསོད་ནས་ཟ་བ་ན་ཐོག་མར་གླ་རྩི་སྟོར་བས་ཁོ་ནི་སེམས་གནག་ཅན་ཡིན་པས་མི་ལ་ཕན་ཐོགས་ཡོད་པར་ཤེས་ནས་དེ་ལྟར་བྱེད་པར་གླེང་སྲོལ་ཡོད་ཀྱང་། དུད་འགྲོ་དུ་མས་ལས་དབང་གིས་དངོས་པོ་འགའི་ཕན་གནོད་ཤེས་པས་གླག་མོས་ཀྱང་དེ་ལྟར་ཤེས་པ་མིན་ནམ་སྙམ།
གླ་རྩི་སྨན་ལ་སྤྱོད་པ།
སྤྱིར་དངོས་པོ་སྨན་ལ་སྤྱོད་པའི་རིགས་པ་ནི་གདུང་བྱེད་ནད་དང་དུས་མཉམ་ཡིན་ཅིང་། ལྷག་པར་སྲོག་ཆགས་ཀྱི་ཤ་ཁྲག་སོགས་ནི་སྲིད་པའི་དཔལ་ཡོན་དར་བའི་གོ་རིམ་ཁྲོད་དུ་མེད་ཐབས་བྲལ་བའི་འཚོ་བའི་རྒྱུ་རྐྱེན་གལ་ཆེན་ཡིན་པ་བཞིན་གླ་རྩི་ཡང་ནད་ཀྱི་གཉེན་པོར་བསྟེན་པ་སྨོས་ཅི་དགོས། ད་ལྟར་ཡིག་ཐོག་ཏུ་འཁོད་པའི་གཞུང་ལུགས་རྣམས་ནི་བགྲང་བྱ་གྲངས་ལས་འདས་པར་བདེ་སྡུག་མཐའ་ཡས་པ་མྱོང་བའི་ཉམས་མྱོང་རྣམས་ཡི་གེར་བཏབ་པ་ཡིན་པ་དེ་ལྟ་བུའི་བྱུང་བ་ལ་མཁས་པ་ཀུན་ཞལ་མཐུན་པ་ཡིན། དེས་ན་ད་ལྟ་བཞུགས་པའི་བོད་ཀྱི་གསོ་རིག་གི་གཞུང་ལུགས་རྣམས་ལས་གསོ་རིག་འབུམ་བཞིར། གླ་རྩི་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །ཞེས་གླ་རྩིས་ནད་རྒྱུ་དངོས་དང་སྦྱར་བའི་དུག་ལས་གྱུར་བ་དང། པགས་པ་དང་དོན་སྣོད་སོགས་ལ་ཟ་བའི་སྲིན་འབུ་(WORMS)དང་། ལྷག་པར་མ་མོ་མཁའ་འགྲོ་རྦད་འཁྲུགས་ཀྱི་རྒྱུ་ལས་བྱུང་བའི་གཉན་(VIRUS) སོགས་ཕྱི་རྐྱེན་དུ་གྱུར་བའི་ནད་ཡོད་དོ་ཅོག་དང་། དེ་བཞིན་དུ་མཁལ་མ་དང་མཆིན་པ་སོགས་གནས་ཀྱི་དབང་དུ་བྱས་པའི་ནད་རྣམས་ལ་ཕན་པར་གསུངས། གཞན་ཡང་གཞུང་དེར་གདོན་དང་གཉེན་ལ་གླ་རྩི་གུ་གུལ་ནག། །སོགས་གླ་རྩིི་ཅན་གྱི་སྦྱོར་བ་ཤིན་ཏུ་མང་། དེ་བཞིན་དུ་ཏུན་ཧུང་ནས་ཐོན་པའི་སྨན་གཞུང་ཤོག་དྲིལ་ལས་ཀྱང་གླ་རྩི་ཅན་གྱི་ཁྲག་གཅོད་དང་སྲིན་སྨན་གྱི་སྦྱོར་བ་དུ་མ་ཡོད་པ་དང་། ཟླ་བའི་རྒྱལ་པོ་དང་། བྱང་ཁོག་དམར་ཁྲིད་ཡིག་ཆུང་སོགས་སུའང་གླ་རྩིའི་ནུས་པ་དང་། དེ་ཡོད་པའི་སྦྱོར་སྡེ་མང་པོ་གསུངས་ཡོད། དེ་དག་ལ་བརྟེན་ནས་བོད་ཀྱི་གསོ་རིག་རྒྱུད་བཞི་ལས་ཀྱང་གླ་རྩིའི་ངོ་བོ་ནུས་པ་དང་། ནུས་པ་དེ་ལྡན་གྱི་སྦྱོར་བ་དུ་མ་བསྟན་པ་སོགས་གླ་རྩི་ནི་གནའ་ནས་ད་བར་བོད་ཀྱི་གསོ་རིག་གིས་སྤྱོད་པའི་སྨན་རྫས་འགྱུར་མེད་ཅིག་དང་དྲི་ཞིམ་གྱི་སྦྱོར་བ་སོགས་ལ་སྦྱོར་བའི་རྫས་ཕུལ་བྱུང་ཞིག་ཡིན།
བོད་ཀྱི་གླ་རྩི་དང་ཕྱི་རྒྱལ།
བོད་ཀྱི་ཁྱིམ་མཚེར་རྒྱལ་ཁབ་ལྷོའི་རྒྱ་གར་དང། ཤར་གྱི་རྒྱ་ནག། ནུབ་ཀྱི་ཏ་ཟིག བྱང་གི་དྲུག་གུ་སོགས་སུ་བོད་ཀྱི་སྨན་དང་དངོས་རྫས་རྣམས་ལ་གདེང་འཇོག་དང་གཙིགས་ཆེར་འཛིན་པ་ཡིན་ཏེ། དཔེར་ན། རྒྱ་གར་གྱི་སྙན་ངག་ཆེན་པོ་རཱ་མ་ཡཱ་ན་ལས། དཔའ་བོ་རཱ་མ་ཡཱ་ན་སྲིན་པོའི་རྒྱལ་པོ་དང་གཡུལ་བཀྱེ་བ་ན་ཁོང་ལ་སྲིན་པོའི་དུག་མདའ་ཕོགས་པ་གསོ་བའི་སྨན་རི་བོ་གངས་ཅན་ནས་ཧ་ནུ་མས་བླངས་ཏེ་ཕུལ་བས་གསོས་པ་སོགས་ཀྱི་དོན་གནད་དེ་འདྲ་སྟོན་པ་ཡིན། དེ་བཞིན་དུ་རྒྱ་ནག་ཡུལ་དུའང་བོད་ནས་འོང་བའི་སྨན་(Shi-Thabg) གིས་ནད་ཅིའང་བཅོས་ནུས་པ་དང་། ཐ་ན་འཆི་ལ་ཐུག་པ་ཞིག་གི་ཁར་སོང་ནའང་ཁ་ཆེམས་འཇོག་ཐུབ་པ་སོགས་ཀྱི་ཁ་རྒྱུན་དང་རྒྱའི་སྨན་གཞུང་(ཉེར་མཁོའི་སྔོ་འབུམ། རྒྱ་ཡིག)དུ་གསལ་བ་ཡོད་ལ། དེ་བཞིན་གླ་རྩིའི་ཁྱད་ཆོས་ཀྱང་དེ་དག་ལ་སྔ་ནས་ཤེས་རྟོགས་ཡོད་དེ། འགའ་ཞིག་གི་གླ་རྩིའི་སྐོར་བོད་དང་ཕྱི་རྒྱལ་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བར་འཁོད་པ་མེད་ཅིང་ཐོག་མར་རོམ་གྱི་བཙུན་པ་ཞིག་གི་དུས་རབས་དྲུག་པར་(545BC) བྲིས་པར་གསལ་ཡང་མ་ངེས་ཏེ། སྟོན་པ་ཐུབ་པའི་དབང་པོས་གདུལ་བྱའི་ཁམས་དང་དབང་པོའི་རིམ་པ་བཞིན་ཆོས་ཀྱི་འཁོར་ལོ་རིམ་པ་དུ་མ་ཞིག་བསྐོར་བ་རྣམས་ལས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ནང་ཚན་ཡུམ་རྒྱལ་འབྲིང་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རིགས་ཀྱི་བུ་དང་བུ་མོ་རྣམས་ལ་བདུད་སྡིག་ཅན་གྱིས་གླག་མི་བརྙེད་པའམ་བར་ཆད་ཀྱིས་མི་ཚུགས་པ་གླ་རྩིའི་དྲི་ཙམ་གྱིས་ཀྱང་སྦྲུལ་གདུག་རིང་ནས་འབྲོས་པའི་དཔེས་ཤིན་ཏུ་གསལ་བར་བསྟན་ཏེ། དེའང་དཔེས་དོན་དེ་གསལ་བར་བྱེད་པ་ནི་སྤྱི་ཚོགས་དང་མི་རིགས་ལ་ཁྱད་པར་མེད་དེ། ཉི་མའི་ཆོས་སམ་བྱེད་པ་གསལ་བར་རྟོགས་པའི་སྤྱི་ཚོགས་སམ་གང་ཟག་ཅིག་ལ་ཉི་མ་དཔེར་བཀོད་དེ་དཔེ་ཅན་བརྗོད་བྱའི་དོན་དེ་སྟོན་པ་ལས་དཔེ་དེའི་དེ་ཉིད་མི་ཤེས་པ་ཞིག་ལ་དོན་ཞིག་གསལ་བའི་ཆེད་དུ་དཔེ་དེ་བཀོད་མི་སྲིད་དེ་གདོད་ནས་ལོང་བ་ལ་ཁ་དོག་གི་ཁྱད་པར་བརྗོད་པ་ལྟར་འགྱུར་བའི་ཕྱིར་རོ།།
དེའང་བོད་ཀྱི་ལོ་རྒྱུས་ལྟར་ན་ཕྱི་རྒྱལ་ལ་འབྲེལ་བ་སྔ་ཤོས་དང་རྒྱུན་རིང་ཤོས་ནི་ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། ཤར་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོས་དབང་བྱེད་པའི་ཡུལ་གྲུ་གཉིས་ཡིན་པ་དང་། རིམ་བཞིན་ནུབ་ཏ་ཟིག་ནོར་གྱི་རྒྱལ་པོ་ཞེས་བོད་ཀྱི་གཏམ་ལ་གྲགས་པ་ལའང་ཚོང་དང་རིག་གཞུང་གི་འབྲེལ་བ་བྱུང་ཞིང་།དེའང་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བར་བཙན་པོ་སྲོང་བཙན་(༦༡༧) གྱིས་བོད་ཀྱི་ཆབ་སྲིད་མངའ་ཐང་རྒྱ་སྐྱེད་མཛད་དེ་རྒྱ་དཀར་ནག་ཏ་ཟིག་(IRAN)རྣམས་ལ་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ནས་དེ་དག་གི་སྔོན་ཐོན་གྱི་ཁྲིམས་ལུགས་དང་རིག་གནས་མང་པོ་ནང་འདྲེན་བྱས་པའི་ཁྲོད་དུ་གསོ་བ་རིག་པའི་སྐོར་ལ་སྤྲུལ་བའི་སྲས་གསུམ་གདན་དྲངས་པ་ལས་ཏ་ཟིག་གི་སྨན་པ་ག་ལེན་ནོད་གདན་དྲངས་པ་དང་། རྒྱལ་པོའི་སྨན་པར་དབང་བསྐུར་ནས་བོད་དུ་བཞུགས་ཏེ་སྲིད་དང་རིག་གཞུང་སྤེལ་བར་གསལ་བ་ནི་གློ་བུར་ལྟས་དབང་དུ་བྱུང་བ་ཞིིག་མ་ཡིན་པར་རྒྱལ་ཁབ་གཉིས་བར་ཆེས་སྔ་མོའི་དུས་ནས་ཚོང་དང་དམག་དོན་གྱི་འབྲེལ་བ་བྱུང་བའི་ཕྱིར་ཏེ། ཏ་ཟིག་གི་ཞིབ་འཇུག་མཁས་པ་རོ་ནི་ཏ་མོ་ལིས་(Ronit yoeli tilalim) བརྩམས་པའི་ཨེ་ཤ་ཡའི་སྲོལ་རྒྱུན་དང་དེང་དུས་ཀྱི་སྨན་ལུགས་(Asian Medicine Tradition and Modernity ) ལས། གླ་རྩི་ནི་ཆེས་ཕུལ་དུ་བྱུང་བའི་དྲི་བཟང་སྤོས་ཀྱི་རྫས་ཤིག་ཡིན་པ་མ་ཟད་ཨ་རབ་དང་བོད་ཀྱི་སྨན་གཞུང་གོ་སྡུར་བྱས་ཏེ་དཔྱད་ན་མི་རིགས་འདི་གཉིས་ཚོང་འབྲེལ་གྱི་ལས་རིམ་ཁྲོད་དུ་གླ་རྩིའི་སྤྱོད་སྒོ་དང་ཉམས་མྱོང་བརྗེ་སྤེལ་བྱས་པ་ཤེས་ཐུབ། ཞེས་གསུངས་པ་བཞིན་མི་རིགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ནི་ཆེས་རིང་པོ་ཡིན་པ་རྟོགས་ནུས། བོད་ཀྱི་གླ་རྩི་ནི་ཏ་ཟིག་(IRAN) གཙོ་བོར་གྱུར་བའི་ཁ་ཆེའི་ཡུལ་གྲུ་ཁག་གི་འབྱོར་ལྡན་མི་དྲག་རྣམས་དང་ལྷག་པར་རྒྱལ་པོའི་ཕོ་བྲང་དུ་སྤྲོས་བཅས་ཀྱི་ཡོ་བྱད་གལ་ཆེན་རིགས་ཀྱི་གྲལ་ཡིན་པ་མ་ཟད་མཆོད་རྫས་དང་གྲིབ་དང་མི་གཙང་བ་སེལ་བའི་བསང་རྫས་ཕུལ་བྱུང་ཞིག་ཀྱང་ཡིན། དེ་ཡང་ཨ་ལི་མཱ་ཇ་ཧ་རིས་བརྩམས་པའི་རྒྱ་ནག་དང་ཏ་ཟིག་གི་རིག་གནས་བརྗེ་རེས་(༢༠༡༤ལོར་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།)སུ། ཏ་ཟིག་གོང་མ་(ཁཱུ་སི་ལོ་ལེ་ས)དང་སྐུ་བཅར་གྱི་གཏམ་གླེང་ཞེས་པར། གོང་མས་ཤིན་ཏུ་ཕུལ་བྱུང་གི་དྲི་ཞིམ་སྤོས་རྫས་གང་ཡིན་དྲིས་པར། སྐུ་བཅར་གྱིས་ཤ་མོ་དང་། ཏུལ་སཱི་བསྲེས་པའི་སྤོས་ཆུ་དང་། ཀུ་མུད་དང་ག་བུར་བསྲེས་པ་ལ་གླ་རྩིས་བྲན་པའི་དྲི་ཞིམ་རེད་ཅེས་དང་། ནམ་མཁའི་དྲི་བསུང་གང་ཡིན་ཞེས་གོང་མས་དྲིས་པར། ཏ་ཟིག་གི་སེ་བའི་མེ་ཏོག་སོགས་དྲི་ལྡན་གྱི་རྫས་འགའི་མིང་སྨོས་མཐར། སྤུ་རྒྱལ་གྱི་གླ་རྩི་དང་། ཞིང་ཤིང་ལིའི་(རྒྱ་ཡིག་སྒྲ་སྒྱུར)སྤོས་ཤེལ་ནི་བདེ་བ་ཅན་པ་དག་གིས་སྤྱོད་པའི་བར་སྣང་གི་དྲི་ཞིམ་རེད་ཅེས་སྐུ་བཅར་གིས་ལན་ཕུལ་བ་སོགས་ལ་བསམས་ན་གླ་རྩི་ནི་ཡུལ་ཕྱོགས་དེ་དག་ཏུ་འགངས་ཆེན་དུ་བརྩི་བའི་བོད་ཀྱི་ཚོང་ཟོང་གལ་ཆེན་ཞིག་ཡིན།
དེའང་ལོ་རྒྱུས་འགར་བོད་དང་ཏ་ཟིག་(IRAN) གི་འབྲེལ་བ་ནི་ཁ་ཆེའི་སྟོན་པ་སྦྲང་རྩིའི་གློ་གྲོས་(Mahadu-Maka) ཀྱི་རྗེས་སུ་བྱུང་བར་སྨྲ་ཡང་རྒྱ་ནག་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ལྟར་(ཨ་ལི་མཱ་ཛ་ཧ་རི)ན། དེ་ནི་ཁ་ཆེའི་སྟོན་པ་ལས་སྔ་བ་ཡིན་ཏེ་ཀུ་ཤ་ན་རྒྱལ་རབས་ཀྱིས་དྲུག་གུ་ནུབ་མ་བསྐྱང་པའི་དུས་ཙམ་ནས་བྱུང་བ་ཡིན་ཟེར། དེ་ཡང་སྔར་བོད་སྐད་དུ་དྲུག་གུ་ཞེས་གསལ་ཞིང་། དེ་ནི་ཏུར་ཀིའི་(Turkish) སྒྲ་ཐོན་པར་བྲིས་པ་ཡིན་ཅིང། དེའང་བོད་ཡིག་གི་རྗེས་འཇུག་དང་འདོག་གི་སྒྲ་ཐོན་པར་ཀློག་པས་དུ་རུ་ཀ་ཞེས་གསལ་བར་འབྱུང་ཞིང་དེང་སང་ཡང་འདོག་དང་རྗེས་འཇུག་གི་སྒྲ་ཐོན་པར་འདོན་མཁན་མངའ་རིས་དང་ལེབ་ཅ་སོགས་ཡུལ་དང་བོད་རིགས་འགའ་ཡང་ཡོད་དེ། དེའང་བོད་ཀྱི་ལོ་རྒྱུས་རྣམས་སུ་དུ་རུ་ཥ་དང་སྟོད་ཧོར་སོགས་སྣ་ཚོགས་འབྱུང་ཞིང་། ཁྱུང་པོ་(སུམྦྷ)སོགས་ཁམས་ཀྱི་ཡུལ་གྲུར་གེ་སར་རྒྱལ་པོའི་སྒྲུང་གཏམ་(གླིང་སྒྲུང་)དར་སོ་ཆེ་བའི་ས་ཁུལ་རྣམས་ཀྱི་གནའ་མིའི་ངག་སྒྲོས་སུ་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་ལས་འཕྲོས་ཏེ་གེ་སར་རྒྱལ་པོ་དཔུང་དང་བཅས་པས་ཧོར་རྒྱལ་དབང་དུ་བསྡུས་པའི་ཚེ་ཧོར་གུར་ནག་གི་ཚོ་བ་འགའ་སྟོད་ལ་ཤོར་བར་སྟོད་ཧོར་ཞེས་གྲངས་ཤིང་། མ་འོངས་པར་སྟོད་ཧོར་གྱི་དམག་གཡོས་ཏེ་བོད་ཀྱི་བསྟན་པར་གནོད་པར་གླེང་ཞིང་སེམས་ཕྲལ་བྱེད། འགས་ཁོ་ནི་གླིང་གི་དཔལ་རྟུལ་དཔལ་བླ་མི་སྤྱང་དཀར་པོའི་དགྲ་སྐལ་ཡིན་པས་ཁོང་སྐྱེ་འཆི་མེད་པར་སྟོད་མངའ་རིས་ཀྱི་གངས་སྒོར་ཁོ་སྒུག་ནས་བཞུགས་ཡོད་པས་སྐྱོན་མེད་ཟེར། དེང་སང་དེ་འདྲ་བའི་གཏམ་གླེང་ལ་རིན་ཐང་མི་བརྩི་ཡང་དོན་ལ་བསམས་ཤེས་ན་གཏམ་རྒྱུད་ཀྱི་མེ་ལོང་ལས་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཀྱི་གཟུགས་བརྙན་མཇལ་རྒྱུ་ཡོད།
དེ་ལ་འདིར་ཏ་ཟིག་དང་བོད་ཀྱི་ཚོང་དོན་འབྲེལ་བའི་ཚོང་ཟོག་གླ་རྩི་གླེང་བར་དྲུག་གུའམ་དུ་རུ་ཥ་གླེང་དོན་ནི། དྲུག་གུ་ནི་བོད་དང་ཏ་ཟིག་བར་གྱི་ཚོང་ལམ་བརྒྱུད་དུ་གནས་ཤིང་། དེའང་རྒྱལ་ཁབ་གཉིས་(བོད་དང་རྒྱ་ནག)ཀྱི་ཚོང་པ་རྣམས་ལམ་ཆེན་གཉིས་བརྒྱུད་དགོས་ཤིང་། གཅིག་ནི་བོད་ནས་ཀ་ཤི་མཱི་རི་བརྒྱུད་ནས་དང་། གཞན་དག་མཐོ་སྒང་གི་བྱང་ལམ་བརྒྱུད་དེ་དར་ལམ་དང་འབྲེལ་ཞིང་དེང་སང་གི་ཤིན་ཅང་བརྒྱུད་དེ་བསྐྱོད་དགོས་པ་དང་། དེའང་ལམ་རྒྱུད་ཀྱི་དྲུག་གུ་བ་རྣམས་ཀྱི་ཚོང་པ་དང་ཚོང་ཟོངས་བཅོམ་འཕྲོག་ཀྱི་གནས་ཚུལ་རྟག་ཏུ་ཡོད་ཅིང་སྤུ་རྒྱལ་བ་རྣམས་ཀྱི་དགྲ་བོར་གྱུར་བས་གཡུལ་འགྱེད་ལན་མང་བྱས་པ་མ་ཟད་ཁོའི་ནང་ཁུལ་གྱི་འགལ་བ་བེད་སྤྱོད་བྱས་ཏེ་ཤར་ནུབ་གཉིས་ཕྱེ་བ་ལ་ཤར་དང་ནུབ་ཀྱི་དུ་རུ་ཥ་ཟེར་ཞིང་རུ་ཏྲི་ཆུང་བ་སྟེ་ཤར་དུ་རུ་ཥ་(རྒྱ་ནག་གིས་རུ་ཏྲི་ཆེ་ཆུང་ཟེར)ནི་དེང་སང་ཤིན་ཅང་དུ་འབོད་པ་འདི་ཡིན་ལ། འདིའི་ཚོ་བ་འགའ་ཞིག་སྤུ་རྒྱལ་ལ་མགོ་བཏགས་བྱས་པས་བོད་དང་འདྲེས་པར་ཐོད་དཀར་དུ་འབོད་ཅིང་འགས་ཐོད་གར་ཡང་ཟེར། ཕལ་ཆེར་རྒྱ་ནག་(དམག་དཔོན)ལ་མགོ་བཏགས་པས་ཤིན་ཅང་དང་ཀན་སུའི་བྱང་བརྒྱུད་དུ་ཆགས། རོ་ཏྲི་ཆེ་བ་ནུབ་ཏུ་སྐྱོད་དེ་རྒྱབ་ཁབ་བཙུགས་པ་ལ་ཏུརཀིཥ་(Kurki-Sthan)ཟེར་ཞིང་། འདིའི་ཀུ་ཤ་ན་རྒྱལ་རབས་ནི་སྤྱི་ལོ་༥༥ ནས་༤༢༥བར་དུ་བྱུང་ཞིང་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན། སྤྱི་ལོའི་སྔོན་ཆིག་བརྒྱ་སོ་དགུ་(139BC)ཙམ་ལ་རྒྱ་ནག་ཧན་རྒྱ་རབས་ནུབ་མའི་གོང་མས་བློན་ཆེན་ཀྲང་ཆན་རོ་ཏྲི་ཆེ་བ་དང་འབྲེལ་བ་འཛུག་པའི་ཆེད་དུ་ནུབ་ཕྱོགས་སུ་མངགས་པ་ནུབ་ཏུ་སྐྱོད་པའི་ལམ་ལ་ཕྱིས་སུ་རྒྱ་ནག་དར་ལམ་ཟེར་ཞིང་ཤར་ནུབ་འབྲེལ་བའི་ཚོང་ལམ་གལ་ཆེན་ཞིག་ཡིན། བོད་ཀྱི་བཙན་པོ་སྲོང་བཙན་(༦༡༧)གྱི་སྐུ་དུས་ཙམ་ནས་ཚོང་ལམ་ཁག་གི་ཇག་ཚོགས་རྣམས་ལྷིང་འཇག་ཏུ་གྱུར་བ་དང་། ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་རྒྱ་དཀར་ནག་ལ་བསྒྱུར་བས་དྲུག་གུའམ་ཏུར་ཀི་ཥ་ལ་འཛིན་པའི་སྲིད་ཇུས་ནི་བྱང་གི་ཤ་པགས་སྐྱ་མོ་ལ་ཐིག་མ་འདེབས་ཞེས་སྐབས་དེར་དྲུག་གུ་ཙམ་མ་ཟད་དབུས་ཨེ་ཤ་ཡ་(tibetan Inpairir Central Esia)ཕལ་ཆེར་བོད་བཙན་པོའི་མངའ་འོག་ཏུ་ཡོད་པས་ཁོ་ལ་ཟོན་དང་བཙན་གནོན་བྱེད་མི་དགོས་པའི་དོན་ཡིན།
མདོར་ན་སྤུ་རྒྱལ་བོད་ཀྱི་ཡུལ་དུ་འཚོ་བའི་ཐུན་མོང་མིན་པའི་རི་དྭགས་གླ་བ་ལས་བྱུང་བའི་རྩི་མཆོག་མ་གི་ཏའམ་གླ་རྩི་ནི་བོད་ཀྱི་ཐུན་མོང་མིན་པའི་ཚོང་ཟོངས་དང་། ཕྱི་རྒྱལ་དང་དཔལ་འབྱོར་དང་རིག་གནས་ཕྱི་སྲིད་བཅས་ཀྱི་འབྲེལ་བ་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ཡིན་པ་མ་ཟད་སྤྱི་ལོའི་སྔོན་གྱི་དུས་རབས་དུ་མའི་སྔོན་ནས་སྤུ་རྒྱལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་སུ་ཁྱབ་ཅིང་ནད་རིགས་དུ་མ་དང་ཁྱད་པར་གློ་བུར་འཆི་བའི་དུག་གི་གཉེན་པོ་སྙན་གྲགས་ཅན་ཞིག་དང་། ལྷག་པར་ཏ་ཟིག་སོགས་ཐག་རིང་རྒྱལ་ཁབ་དུ་མར་ཚོང་དོན་དང་ཕྱི་སྲིད་ཀྱི་འབྲེལ་བ་བྱུང་བ་ནས་ད་ལྟའི་བར་ཚོང་གི་འབྲེལ་བ་དང། ཟོངས་ཀྱི་རིན་ཐང་སྨན་གྱི་སྤྱོད་སྒོ་བཅས་ལ་ཉམས་ཆག་བྱུང་མྱོང་མེད།
བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རིགས་འགར་འཁོད་པ་ལྟར་ན། བོད་ཀྱི་བཙན་པོའི་གདུང་རབས་ཉམས་ནས་བོད་སིལ་བུའི་དུས་རབས་རིང་པོའི་ཁྲོད་དུ་རྒྱལ་བལ་གྱི་མཁས་བླུན་ཅི་རིགས་བོད་དུ་གསེར་དང་གླ་རྩི་འཚོལ་དུ་ཡོང་བའི་ལོ་རྒྱུས་ཤིན་ཏུ་མང་པོ་ཡོད་ཅིང། དེའང་འགས་བོད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་དད་པ་བེད་སྤྱད་ནས་གསང་སྔགས་ལ་སྙད་དེ་དབང་དང་མན་ངག་ཁུངས་ལྡན་ཡིན་མིན་ཅི་རིགས་གླ་རྩི་དང་གསེར་ལ་བཙོང་བས་གསེར་ཆོས་སུ་གྲགས་པ་བྱུང་བ་དང། དེའང་མཚོན་པ་ཙམ་ནི་བོད་དུ་དུས་ཀྱི་འཁོར་ལོའི་རྒྱུད་འགྱུར་དང་གདམས་པ་དུ་མ་ཞིག་དར་བ་ལས་པཎྚིཏ་ཟླ་བ་མགོན་པོ་(སོམནཱཐ)བོད་དུ་བྱོན་པའི་ཚེ་ཁོང་ལ་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་སོགས་དོན་གཉེར་ཅན་གྱི་ལོ་ཙཱ་བ་འགས་ཞུས་པ་ན། ཁོང་གིས་དོན་གཉེར་ཅན་དེ་དག་ལ་གདམས་ངག་གི་ཆེ་བ་འགའ་ཞིག་བསྟན་ཏེ་དེ་ཁོང་ལས་གཞན་ལ་མེད་ཚུལ་གསུངས་ཏེ་ཅི་སྟེ་དགོས་ན་གླ་རྩི་འདི་ཙམ་འབུལ་དགོས་པ་དང། འགའ་རེ་ལ་གླ་རྩི་འབོར་ཆེན་འདི་དག་བལ་ཡུལ་གྱི་མི་ཆེ་གེ་མོའི་སར་བསྐྱལ་ནས་ཁོང་ནས་འབྱོར་ལན་བྱུང་མཚམས་སྟེར་བར་ཞལ་བཞེས་མཛད་པ་(བུ་སྟོན་དུས་འཁོར་ཆོས་འབྱུང་)སོགས་གླ་རྩི་ལ་དོན་གཉེར་བྱེད་མཁན་རྒྱུད་ཆད་མྱོང་མེད། །
གླ་རྩིའི་སྐོར་གྱི་གཏམ་གླེང་མདོར་བསྡུས་འདི་ཉིད་རག་རྡོ་སུ་དྷཱིཿས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བྲིས་པའི་ཡི་གེ་བ་ནི་ངག་དབང་ཀུན་མཁྱེན་གྱིས་6.6.2025ལོར་བགྱིས་པ་དགེ་ལེགས་འཕེལ།། །།













Comments